ཞེ་ས་ཞུ་སྲོལ།

ང་བཅས་རའི་རྒྱལ་ཁབ་ནང་ལུ་ དམ་པའི་ཆོས་དབུ་མ་བརྙེས་པའི་གོང་ལུ་ ཞེ་ས་ཞུ་སྲོལ་ཀྱི་ལམ་ལུགས་མ་ཤེས་དེ་འབད་རུང་ དུས་རབས་༧པའི་ནང་ ས་གསུམ་ནང་འགྲན་ཟླ་དང་བྲལ་བའི་ སློབ་དཔོན་པདྨ་འབྱུང་གནས་ ལྕགས་མཁར་རྒྱལཔོ་ སིན་དྷུ་རཱ་ཛ་གིས་གདན་འདྲེན་ཞུ་བའི་ཤུལ་ལུ་ དམ་པའི་ཆོས་དར་སྲོལ་བྱུང་ཞིནམ་ལས་ ཆོས་དང་འཇིག་རྟེན་གཉིས་ཆའི་རའི་ཐོག་ལས་ རང་གི་ཚོགས་བསགས་སྒྲིབ་སྦྱང་འབད་ཐབས་ལུ་ ལྷ་ཆོས་དགེ་བ་བཅུ་དང་ མི་ཆོས་གཙང་མ་བཅུ་དྲུག་གི་དགོངས་དོན་དང་འཁྲིལ་ཏེ་ ཞེ་ས་ཞུ་ནི་གི་ལམ་ལུགས་སྲོལ་དར་དེ་འབད་རུང་ རྒྱལ་ཁབ་ཐ་དབུས་མེད་པའི་ནང་ དར་ཁྱབ་ཆེནམོ་ཅིག་མ་འབྱུང་ཨིན་མས། དེ་ལས་ དུས་རབས་༡༦པའི་ནང་ ཞབས་དྲུང་རིན་པོ་ཆེ་ཆིབས་ཁ་ལྷོ་ལུ་བསྒྱུར་ཞིནམ་ལས་ ལྷོ་མོན་ཁ་བཞི་གཅིག་སྒྲིལ་བཟོ་གནང་སྟེ་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་འགོ་བཙུགས་གནང་ཞིནམ་ལས་ཚུར་ དཔྱེ་གཏམ་ལུ་ ཤིང་གི་ཤིང་བཏེག་ན་ཀ་བ་དང་གདུང་མ། མི་ཡིས་མི་བཏེག་ན་དཔོན་པོ་དང་གཡོག་པོ། ཟེར་མིང་ཚིག་དང་བསྟུན་ གོངམ་དཔོན་གཡོག་གི་ཐ་སྙད་དར་ཞིནམ་ལས་ རང་ལས་ཡུལ་གོང་མ་ལུ་ཞེ་ས་ཞུ་ནི་གི་ ལམ་སྲོལ་དར་ཁྱབ་ཆེ་ཏོག་ཏོ་འགྱོ་མི་འདི་ ད་རེས་ནངས་པ་ཡང་ མར་མ་ཉམས་པ་ཡོད་མི་འདི་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ཡོངས་གྲགས་ཅན་ཅིག་སྦེ་འཐོན་དེ་ཡོདཔ་ལས་ ཕྱི་རྒྱལ་གྱི་མི་དྲག་ཞན་ཆེ་ཆུང་མེདཔ་ག་ར་གིས་དཔེ་ལྟ་ས་ཅིག་ལུ་བསྒྱུར་ཏེ་ཡོདཔ་ཨིན། རང་ལས་རྒན་ཤོས་བླམ་སློབ་དཔོན་ དེ་ལས་ གོ་གནས་ཅན་གྱི་དཔོན་ཁག་ཚུ་ལུ་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ལས་ སྤྱོད་ལམ་ག་ཅི་གི་ཐད་ལས་འབད་རུང་ཟབ་ཟབ་དང་ ལྷག་པར་དུ་ཡང་ངག་གི་སྒྲིག་ལམ་ཟེར་ སྔོན་རྒྱལ་བ་གོངམ་རྗེ་མཁན་ཁྲི་རབས་༡༢་པ་ངག་དབང་ཀུན་དགའ་རྒྱ་མཚོ་གིས་ གཏམ་སྨྲ་འདོད་གྲེ་བའི་ཕུག་ན་བཞག། ཁོང་གྲལ་གང་གི་མི་ལ་ལན་གསུམ་བལྟ།། ཕོག་མེད་ན་སྙན་པའི་ཚིག་གིས་གླེང་།། གྲལ་གར་འཛོམས་ས་ན་མཛེས་པ་ཡིན།། ཟེར་གསུང་དོ་བཟུམ་སྦེ་ གློ་བསླབ་པའི་བསྒང་ ག་དེ་དྲག་དྲག་ཟབ་ཟབ་ཀྱི་ཐོགས་ལས་ བསླབ་དགོཔ་འདི་གལ་ཆེ་ནི་འདི་གིས་ སྐྱ་སེར་ཕོ་མོ་ག་ར་གི་ཞེ་ས་ཞུ་ནི་ལུ་གཙོ་བོ་བཏོན་དང་བཏོན་བཞིན་ཡོདཔ་ལས་ ཨིན་རུང་ གུ་རུ་རིན་པོ་ཆེ་གིས་ དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། ཟེར་གསུང་དོ་བཟུམ་སྦེ་ ང་བཅས་རའི་འབྲུག་པའི་གཞོན་སྐྱེས་ཚུ་གིས་ ཕྱིའི་སྤྱོད་པ་དང་ ནང་གི་བསམ་པ་སེམས་བསྐྱེད་ཚུ་ དུས་དང་བསྟུན་འགྱུར་འགྱོ་ནི་འདི་གིས་ ཡུལ་གོང་མ་ལུ་ཞེ་ས་ཞུ་ནི་གི་སྲོལ་བཟང་པོ་དེ་ ཉམས་པའི་སྔ་ལྟས་ལུ་ལྷོད་དེ་ཡོདཔ་ལས་ ང་བཅས་རྒྱང་བསྒྲགས་ཀྱིས་ ཞེ་ས་ཞུ་ཐང་གི་ལམ་ལུགས་སྲོལ་སྐོར་ལས་ མར་མ་ཉམས་ལས་ མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ དེ་ལས་ རང་སོའི་ཚོགས་བསག་སྒྲིབ་སྦྱོང་གི་དོན་ལུ་ མཁེ་ཕན་ཆེ་ཐབས་ལུ་དམིགས་ཏེ་ ཞེ་ས་ཞུ་ཐང་གི་ལམ་ལུགས་སྲོལ་སྐོར་ལས་ འཁྲབ་སྟོན་གྱི་ལས་རིམ་ཕུལ་མི་འདི་གིས་ མི་དམངས་ལུ་ཕན་ཐོགས་ཚུགས་པའི་ རེ་བ་བསྐྱེད་དེ་ཕུལཝ་ཨིན།

ཀུན་ལེགས་་་་་་་་་་་དབའེ་ ཨཔ་སངས་རྒྱས་ ཉམས་དགའ་དགའ་ར་འདྲཝ་སྦེ་འགྱོ་དེ་པ་ཡ་ ག་སྟེ་འགྱོ་ནི་སྨོ།

ཨཔ་སངས་རྒྱས་་་་་་་་་་་ཨ་ལོ་ ཉམས་དགའཝ་མེན་པས་ རང་བུ་གཞི་ལེ་ཤ་གསོ་ནི་ཡོད་ནི་འདི་གིས་ རོགས་ཀྱི་ལཱ་ས་དུས་ཚོད་ཁར་ལྷོདཔ་འགྱོ་དགོ་པས།

ཀུན་ལེགས་་་་་་་་་་་་་རོགས་ཀྱི་ལཱ་ས་ ནེ་ཚུན་ཚོད་ཚབ་ཚབ་འགྱོ་འདི་ ག་ཅི་འབད་ནི་ རང་གི་ལཱནི་མེན་པས་ གྲོས་གེ་གཏང་འགྱོ་མས།

ཨཔ་སངས་རྒྱས་་་་་་་་རང་གི་ལཱ་འབད་རུང་དྲག་ རོགས་ཀྱི་ལཱ་འབད་དྲག་ ལཱ་ག་ར་དུས་ཚོད་ཁར་ཀྲིག་ཀྲི་འབད་དགོ་ རང་གི་ལཱ་ཨིན་ཟེར་ཧ་ནི་དང་རོགས་ཀྱི་ལཱ་ཕྱི་ནི་མི་འོང་ མི་ལུ་ལས་རྒྱ་འབྲས་དང་ཐ་དམ་ཚིག་དགོ་ ཨ་ལོ།

ཀུན་ལེགས་་་་་་་་་་་ཧེད་ ཁྱོད་ ཧེ་མ་གི་མི་ཆ་ཁྱབ་ ཁ་ལས་བློ་བསླབ་ཚད་ཅིགཔ་ ལས་རྒྱུ་འབྲས་དང་ཐ་དམ་ཚིག་རང་ཨིན་མས་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་ཀྱི་འབད་འོང་སི།

ཨཔ་སངས་རྒྱས་་་་་་་ཨ་ལོ་ ལས་རྒྱུ་འབྲས་དང་ཐ་དམ་ཚིག་གིས་ ད་རིས་ནངས་པ་ག་ནི་ཡང་མི་འབད་ ལས་རྒྱུ་འབྲས་དང་ཐ་དམ་ཚིག་ལུ་ཡིད་ཆེ་མེདནི་་ཕྱི་མ་ད་རེས་བ་སྐྱོཝ་ཅིག་ འོང་མས། སྟེ་ ལས་རྒྱུ་འབྲས་ལུ་ཡིད་ཆེ་མེད་པའི་བསྒང་ལས་ རང་གི་གོངམ་དང་ཕམ་སྤུན་ཆ་ལུ་དག་སྣང་སྦྱང་མི་ཚུགས།

ཀུན་ལེགས་་་་་་་་་་་་་་་ཧེད་ རང་གི་ཕམ་སྤུན་ཆ་དང་ གོངམ་ལུ་དག་སྣང་ག་ཅི་སྦེ་སྦྱང་དགོཔ་ རང་གི་ཕོནི་རང་གིས་རང་བསྐང་དགོ་པས། ད་རིས་ནངས་པ་གོངམ་དཔོན་གཡོག་ལོ་ ཟེར་མི་ག་སྟེ་ཡོདཔ་སྨོ་ གནམ་ལོ་དྲུག་ཅུ་རེ་གྲངས་ལས་ མི་དབང་འབྲུག་རྒྱལ་གསུམ་པ་གྱིས་ དྲགས་ཞན་ཆེ་ཆུང་མེདཔ་ག་ར་ འདྲན་འདྲ་བཟོ་ཡི་མེན་ན།

ཨཔ་སངས་རྒྱས་་་་་་་་་་ཁྱེད་ ད་རིས་ནངས་པ་གི་གཞོན་སྐྱེས་ཆ་ཁྱབ་ཀྱིས་ རང་གི་ཕམ་སྤུན་ཆ་དང་གོངམ་ཟེར་མི་ མི་མཐོང་མས་པ་སྟེ་ ག་ཅི་ཨིནམ་ཟེར་བ་ཅིན་ རང་ཚག་ཁར་ག་ནི་ཡང་མ་ཚུདཔ་ལས་ ང་བཅས་ཕྱི་རྒྱལ་གྱི་ལུགས་སྲོལ་ཟེར་ གནམ་མེད་ས་མེད་དཔའ་རྟགས་ཤིག་ཤིག་སྦེ་བསླབ་མཐོང་མས།

ཀུན་ལེགས་་་་་་་་་་་་་་སྟེ་ ཁྱོད་ར་རྒན་ཤོས་ཚུ་ མནོ་བསམ་ལེགས་ཤོམ་གཏང་ལྟ་ཤིག་ ད་རིས་ནངས་པ་ལཱ་ག་ཅི་འབད་དགོ་རུང་ ཕྱི་རྒྱལ་གྱི་ལུགས་སྲོལ་སྒྲིགས་ཏེ་འབད་དེ་མེན་ན་ ཁྱོདནི་གི་དང་ཕུག་གི་ ལུགས་སྲོལ་སྒྲིགས་མི་ག་འདུག་ ལྟ་ཤིག།

ཨཔ་སངས་རྒྱས་་་་་་་་་འ་ནི་འདི་ ཁྱོདནི་ ད་རིས་ནངས་པ་གི་ ཕྱིའི་ཤེས་ཡོན་སྦྱང་མི་ རང་གི་ལམ་ལུགས་སྲོལ་ཚུལ་བཞིན་མ་ཤེསཔ་ལས་ ང་བཅས་ཕྱི་རྒྱལ་གྱི་ལུགས་སྲོལ་ ཟེར་བསླབ་མི་ཆ་ཁྱབ་ཀྱིས་ དཔའ་རྟགས་རྒྱུགས་ཏེ་བསླབ་མས་ སྟེ་ ཕྱི་རྒྱལ་གྱི་ལུགས་སྲོལ་བཟངམོ་འདིནི་ ཁྱེད་ཀྱི་ག་ནི་ཡང་མི་ཤེས་ ཤེས་ག།

ཀུན་ལེགས་་་་་་་་་་་་་་་དཔའ་ ཁྱོདནི་ རང་ག་ནི་ཡང་མ་ཤེས་པ་ ང་བཅས་ དེ་སང་གི་ཤེས་ཡོན་སྦྱང་མི་ལུ་ མིག་ཏོ་ཚ་སྡོདཔ་མས་སྨོ།

ཨཔ་སངས་རྒྱས་་་་་་་་་ཨ་ལོ་ ང་བཅས་ ཁྱེད་ཤེས་ཡོན་སྦྱང་མི་ཆ་ཁྱབ་ལུ་ ངལ་རང་སྡོདཔ་མ་གཏོགས་ མིག་ཏོ་ཚ་དགོཔ་མེད་ ཁྱེད་ར་ ཤེས་ཡོན་སྦྱང་མི་ཚུ་འབད་བ་ཅིན་ དང་ཕུག་ཕམ་བཟང་པོའི་ལུགས་སྲོལ་བཟངམོ་ལུ་ ངལ་རང་ནི་ཕར་བཞག་ ལུགས་སྲོལ་ལུ་ཁ་བཏང་སྡོདཔ་མས།

ཀུན་ལེགས་་་་་་་་་་་་་ཨ་འ་ ཁྱོད་ར་དང་ཕུག་གི་ཕམ་ཆ་ཁྱབ་ཀྱི་བསླབ་ནི་འདུག་མེན་ན་ ལ་སྒོ་ཐེམ་མ་བརྒལ། གཡུས་གདངས་རེ་མ་བཤལ། ཟེར་ འ་ནི་འདི་ འདི་བསྒང་ཁྱོད་ར་ཆ་ཁྱབ་སྦོམ་བཟོ་སྡོད་སྡོདཔ་མས།

ཨའི་བསོད་ནམས་་་་་་་་་་དབའེ་ ཀུན་ལེགས་ ག་དེ་སྦོ་སྨོ་ ཁྱོད་ མི་ཆེ་ཆུང་ཟེར་ཡ་མེད་པུ་ རྒན་ཤོས་ཚུ་དང་ཅིག་ཁར་ བློ་བསླབ་ཐང་དེ་སྦེ་ཨིན་ན།

ཀུན་ལེགས་་་་་་་་་་་་སྟེ་ དེ་སྦེ་མ་བསླབ་པ་ ག་དེ་སྦེ་བསླབ་ནི་ ད་རིས་ནངས་པ་ཆེ་ཆུང་ག་སྟེ་ཡོདཔ།

ཨའི་བསོད་ནམས་་་་་་་་་དབའེ་ ཀུན་ལེགས་ ང་བཅས་ཕམ་གཉིས་ཀྱི་དཀའཝ་སྤྱད་དེ་ ཡོན་ཏན་སྦྱང་བཅུག་མི་འདི་ བསྒྲུབ་འབྲས་འ་ནེམ་ཅིག་ར་ཨིན་ན་ སློབ་གྲྭ་ནང་ཞེ་སའི་སྐོར་ལས་ སློབ་དཔོན་ཚུ་གིས་བཏོན་ནི་མིན་འདུག་པོ།

ཨཔ་སངས་རྒྱས་་་་་་་་་་ཨམ་བསོད་ནམས་ རང་གི་ཟེར་བསླབ་ནི་མིན་འདུག་ རོགས་ཀྱི་ཟེར་བསླབ་ནི་མིན་འདུག་ ད་ ད་རིས་ནངས་པ་གི་གཞོན་སྐྱེས་ཆ་ཁྱབ་ རོགས་ཕྱི་རྒྱལ་གྱི་ལུགས་སྲོལ་གདམ་ཁ་རྐྱབ་སྟེ་ འ་ནེམ་ཅིག་ར་མས་ མེན་ན།

ཀུན་ལེགས་་་་་་་་་་་་ཞེ་ས་ག་ཅི་འབད་ནི་ ཨའི་ ད་རིས་ནངས་པ་བློ་ག་ར་འཐེད་ཀར་སྦེ་བསླབ་དགོ་པས་མེན་ན།

ཨའི་བསོད་ནམས་་་་་་་་་་་འ་ནི་ བློ་འཐེད་ཀར་ལུ་བསླབ་མི་འདི་གིས་ རང་གི་ཚེ་དང་བསོད་ནམས་ དབང་ཐང་རླུང་རྟ་ལུ་ཡང་གནོད་མས་མེན་ ཨ་ལོ།

ཀུན་ལེགས་་་་་་་་་་་་་་་་པ་པ་པ་པ་ བློ་བསླབ་ད་ རང་གི་ཚེ་དང་བསོད་ནམས་ལུ་གནོད་མས་ཟེར་མི་ ཁྱོདནི་ འབྱུང་ཁུངས་མེད་མི་ མི་འདི་ཚུ་ལུ་འོང་ ང་བཅས་བཟུམ་མའི་ཡོན་ཏན་ཅན་ལུ་མི་འོང་ ཞེ་ས་མ་འབད་བ་ བསོད་ནམས་ལུ་ག་ཅི་སྦེ་གནོད་དགོཔ།

ཨཔ་སངས་རྒྱས་་་་་་་་་ཀུན་ལེགས་ ཞེ་ས་ཞུ་བ་ཅིན་ ཁྱེད་ཡོན་ཏན་ཡོད་མི་ལུ་ ག་ཅི་གི་གནོད་་སྨོ་ གནོད་པ་མིན་འདུག་མེན་ན་ ད་ལྟོ་ཕམ་བཟང་པོའི་སྒོ་ཁར་སྐྱེས་མི་འདི་ར་ ཚེ་སྔོན་མ་ རང་གི་གོངམ་དང་རྒན་ཤོས་ཚུ་ལུ་ གུས་ཞབས་འབད་མི་འདི་གི་ཨིན་མས། གུས་ཞབས་འབད་ནི་འདི་ རོགས་ཕྱི་རྒྱལ་གྱི་ལུགས་སྲོལ་ལུ་ཡང་ཡོད་ཟེར་ ང་གིས་གོ་ཡིས།

ཨའི་བསོད་ནམས་་་་་་་་འ་འ་ རང་ཨཔ་སངས་རྒྱས་ རོགས་ཕྱི་རྒྱལ་གྱི་ལུགས་སྲོལ་ལུ་ཡང་ ཞེ་ས་ཞུ་ནི་མེདཔ་མེན་ ང་བཅས་རའི་ཨ་ལོ་ཚུ་གིས་དགོཔ་ཁག་ཆེཝ་དེ་དཔྱེ་མ་ལྟ་བ་ མ་དགོཔ་ རོགས་ཕྱི་རྒྱལ་ལུ་འབད་རུང་ ག་གིས་ཡང་མིག་མ་རྐྱབ་མི་འདི་ དཔྱེ་ལྟ་ནི་འདི་གིས་ཞེ་ས་ཞུ་ཐང་ཟེར་མི་ ཧ་མ་གོ་བ་སྡོདཔ་མས།

ཀུན་ལེགས་་་་་་་་་ཨའི་ ཞེ་ས་ཟེར་མི་འདི་ རོགས་ཕར་ལོགམ་ སེམས་ལྷུ་ནི་དང་ ཁ་ལྷུ་རྐྱབ་ནི་རྐྱངམོ་ཅིག་མས་ མེན་ན་ དོན་ངོ་མ་ རོགས་མགོ་བསྐོར་གཏང་ནི་འདི་མས་ མེན་ན།

ཨཔ་སངས་རྒྱས་་་་་་་་ཨ་ལོ་ ཞེ་ས་ཟེར་མི་འདི་ མགོ་བསྐོར་གཏང་པའི་བློ་མེན་ རང་ལས་རྒན་ཤོས་དང་གོངམ་ལུ་ གུས་བཀུར་ཞུ་བའི་དོན་ཨིན།

ཨའི་བསོད་ནམས་་་་་་་་་རང་ལས་རྒན་ཤོས་དང་གོངམ་ལུ་ ཞེ་སའི་ཐོག་ལས་ གུས་བཀུར་ཞུ་བ་ཅིན་ རང་ཚོགས་བསག་ སྒྲིབ་པ་སྦྱང་ནི་མ་གཏོགས་ འདི་ལུ་གོནད་པ་ག་ནི་ཡང་མེད།

ཀུན་ལེགས་་་་་་་ད་ལྟོ་སྡོད་པའི་རིང་ལུ་ སྐྱིད་ཏོང་ཏོ་སྡོད་ནི་ཡོད་པ་ཅིན་བཏུབ་པས་ མེན་ན་ ཚོགས་བསག་སྒྲིབ་པ་སྦྱང་ཟེརཝ་ད་ ཚེ་ཕྱི་མ་གི་བློ་མས་ཚེ་ཕྱི་མ་ག་སྟེ་སྐྱེས་འོང་ག་མི་ཤེས།

ཨཔ་སངས་རྒྱས་་་་་་་ཚེ་ཕྱི་མ་ ལུས་རྟེན་ལེགས་ཤོམ་ཅིག་ཐོབ་ནིའི་དོན་ལུ་ ད་རིས་ལས་ ལཱ་དང་བྱ་བ་ག་ཅི་འབད་རུང་ཆོས་དང་མཐུནམ་ དགེ་བ་བསྒྲུབ་རང་ལས་གོངམ་ལུ་ གུས་བཀུར་ཐོག་ ཞེ་ས་ཞུ་དགོཔ་དེ་ཁག་ཆེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང༌། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག། །རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤོངས། ཟེར་གསུང་ཏེ་ཡོད།

ཨའི་བསོད་ནམས་་་་་་་་་ཨིན་ ཨ་ལོ་ རོགས་ཨཔ་སངས་རྒྱས་ཀྱི་བསླབ་དོ་བཟུམ་སྦེ་ རང་གི་ཞེ་ས་ཞུཝ་ད་ རོགས་ཕར་ལོགམ་ལུ་ཕན་ནི་མེན་པར་ རང་ཚོགས་བསག་ སྒྲིབ་པ་སྦྱང་ནི་དོན་ལུ་ཨིན། ཕར་ལོགམ་ལུ་ཞེ་ས་ཞུཝ་ད་ རང་ཆུང་ཀུ་མི་འགྱོ་ མེན་ན།

ཀུན་ལེགས་་་་་་་་ཨའི་ བློ་འཐེད་ཀར་ལུ་བསླབ་ནི་འདི་ ཞེ་སའི་ཐོག་ལས་བསྐོར་ཏེ་བསླབ་མི་དགོ་པས་མེན་ན་ དེ་ལས་ ཚོགས་བསག་ སྒྲིབ་པ་སྦྱང་ཟེར་མི་བློ་དེ་ ཐེབ་མས་ཏེ།

ཨཔ་སངས་རྒྱས་་་་་་་་་ཀུན་ལེགས་ ཞེ་ས་ཟེར་མི་འདི་ བློ་བསྐོར་དེ་བསླབ་མི་དེ་མེན་ ཞེ་ས་ཟེར་མི་འདི་ རང་ལས་གོངམ་དང་ཕམ་རྒན་ཤོས་ཚུ་ལུ་ གུས་ཞབས་ཐོག་ལས་བློ་བསླབ་མི་འདི་ལུ་ ཞེ་ས་ཟེར་བསླབ་ཨིན།

ཨའི་བསོད་ནམས་་་་་་་་་་ཨིན་ རོགས་ཨཔ་སངས་རྒྱས་ཀྱིས་བསླབ་དོ་བཟུམ་སྦེ་ ཞེ་ས་འདི་བློ་བསྐོར་གཏམ་ལུ་བསླབ་མེན་ ཕར་ལོགམ་ལུ་ཞེ་ས་ཞུ་བ་ རང་ཆུང་ཀུ་རྩ་ལས་མི་འགྱོ།

ཀུན་ལེགས་་་་་་་་་་་འེང་ ཞེ་ས་ཟེར་མི་འདི་ བློ་བསྐོར་ཏེ་བསླབ་མི་ མེན་པས་པ་སྟེ་ ངནི་ ད་ལྟོ་ཚུན་རོགས་ལུ་མགོ་སྐོར་གཏང་སྟེ་ བློ་བསྐོར་བསླབ་མི་འདི་ལུ་ ཞེ་ས་ཟེར་བསླབ་ཨིན་མནོ་སྡོད་ཅིས། རོགས་ཕར་ལོགམ་ལུ་ མགོ་བསྐོར་གཏང་ནི་འདི་ ང་བཅས་ར་འབྲུགཔ་ཕར་བཞག་ རོགས་ཕྱི་རྒྱལ་གྱི་ལུགས་སྲོལ་ལུ་ཡང་མི་ཐ་ཆདཔ་བརྩིཝ་ཨིན།

ཨཔ་སངས་རྒྱས་་་་་་་་་་ལྟ་ཤིག་ ཨམ་བསོད་ནམས་  ང་བཅས་ད་རིས་ནངས་པའི་ཨ་ལོ་ཆ་ཁྱབ་ ང་བཅས་ར་ཕམ་གྱི་རང་ གོ་བ་བཤད་དེ་སྟོན་མ་སྦྱིན་པའི་དཀོན་ཨིན་མས་ རོགས་རིག་པ་གསལ་ནི་འདི་གིས་ གོ་བ་བཤད་དེ་སྦྱིན་པ་ཅིན་ དེ་འཕྲོས་ལས་ཧ་གོ་ཚུགས་ ང་བཅས་ཕམ་འདི་ཚུ་གི་ག་དེ་དྲག་དྲག་ ཨ་ལོ་ཆ་ཁྱབ་ལུ་གོ་བ་བཤད་སྦྱིན་དགོ་པས་ སྨོ་ཤིག་ ཨམ་བསོད་ནམས།

ཨའི་བསོད་ནམས་་་་་་་་་ཨིན་མས་ ཨཔ་སངས་རྒྱས་ ཁྱོད་ཀྱི་བསླབ་དོ་བཟུམ་སྦེ་ ད་ལས་ཕར་འབདནི་ ཨ་ལོ་ཚུ་ལུ་ ལམ་ལུགས་སྲོལ་ལོ་ ཞེ་ས་ཞུ་  ཐང་ལོ་ ཟེར་མི་ག་ར་ ང་བཅས་ར་ཕམ་ཚུ་གིས་རང་ གོ་བ་བཤད་སྦྱིན་དགོ་པས། ད་རིས་ ངེད་ཀུན་ལེགས་དེ་ ང་བཅས་ར་གཉིས་བསྡོམས་གོ་བཤད་དེ་སྦྱིན་ཚུགས་ནི་འདི་གིས་ སེམས་དགའ་ཡིས།

ཀུན་ལེགས་་་་་་་་་་པ་འ་ ད་རིས་ ཨཔ་སངས་རྒྱས་དང་ཨའི་གིས་ ཞེ་སའི་སྐོར་ལས་གོ་བ་བཤད་དེ་མ་སྦྱིན་འདྲཝ་ཅིག་འབད་བ་ཅིན་ ང་གི་ གོ་བ་སོ་སོ་སྦེ་ར་ལེན་སྡོད་ནི་མས། ཨཔ་སངས་རྒྱས་དང་ཨའི་བཀའ་དྲིན་ཆེ་ཟེར་བསླབ་ནི་ཨིན།

ཞེ་སའི་ཁུངས་དང་དགོས་པའི་སྐོར་ལས་བུམ་ཐང་ བུ་ལི་དགོན་པའི་མཁན་པོ་ཡེ་ཤེས་ལྷུན་གྲུབ་ཀྱི་གསུང་མི་དེ་བཙུག་ནི།

ད་ལྟོ་ ཁྱེད་ལས་རིམ་གསན་ཚུག་གིས་ འཁྲབ་བསྟོན་གྱི་ལས་རིམ་ནང་ལུ་ ཞེ་ས་ཞུ་ཐང་གི་ལམ་ལུགས་སྐོར་ལས་ གསན་ཚར་ཡིས་ཟེར་ཞུ་ནི་ཨིན། སྟེ་ ལས་རིམ་དེ་བཟོ་སྟེ་རྒྱང་བསྒྲགས་ཞུ་མི་ ཀརྨ་བསྟན་འཛིན་ཨིན་ བཀའ་དྲིན་ཆེ།

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.