ནུབ་གཞས།

ནུབ་གཞས་ཟེར་བའི་གཞས་ཁྱད་པར་ཅན་དེ་ཡང་ ཧེ་མ་ཞབས་དྲུང་རིན་པོ་ཆེ་གིས་ རྒྱལ་ཁབ་ཀྱི་ཕྱོགས་སོ་སོ་ལུ་ ཕྱོགས་ཀྱི་སྤྱི་བླ་དང་གཞུང་གི་རྫོང་དཔོན་ཟེར་མི་ཚུ་ ཞབས་དྲུང་རིན་པོ་ཆེ་ཁོ་རའི་སྐུ་ཚབ་སྦེ་བསྐོས་གནང་བའི་སྐབས་ ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་ ཀྲོང་གསར་དཔོན་སློབ་དང་པ་སྦེ་བསྐོས་གནང་ནུག། དེ་བཟུམ་གྱི་གཞས་ཁྱད་པར་ཅན་འདི་ ཀྲོང་གསར་རྫོང་ལས་ནུབ་ཁ་ཐུག་ལུ་ཡོད་པའི་ནུབ་པའི་རྒེད་འོག་ལས་ སྦྱིས་གཡུས་ཚན་གྱི་མི་རྒས་ཤོས་དང་ མཁསཔ་བློ་རིག་ཅན་ཚུ་གིས་ཧེ་མའི་གཞས་རིགས་ཚུ་ལུ་གཞི་བཞག་སྟེ་བརྩམས་ཡོདཔ་སྦེ་བཤདཔ་ཨིན་པས།

གཞས་དཔོན་དང་པ་ ཨཔ་ཚེ་རིང་འབྲུག་རྒྱལ་གྱིས་འབད་ ཁོང་རའི་གཡུས་ཚན་ནང་ལུ་ ལྷ་གསོལ་བོན་གསོལ་དང་ དགའ་སྟོན་རྟེན་འབྲེལ་བརྩི་སྲུང་གི་སྐབས་ལུ་ རྐྱབ་ནིའི་སྲོལ་བཙུགསཔ་མ་ཚད། ཤུལ་ལས་ཀྲོང་གསར་རྫོང་ནང་ ལོ་བསྟར་ཚེས་བཅུ་དང་ གཞན་མཛད་སྒོའི་རྟེན་འབྲེལ་ཁྱད་པར་ཅན་བརྩི་སྲུང་ཞུ་བའི་སྐབས་ལུ་གཞས་འདི་རྩ་ཅན་ཅིག་འབད་ ཆེ་མཐོའི་གོངམ་ཚུ་དང་ མི་མང་ལུ་སྤྱན་ཞུ་ཕུལ་ནིའི་སྲོལ་བཙུགས་གནང་ནུག།

དེ་ལས་ཀྲོང་གསར་དཔོན་སློབ་རིམ་བྱོན་ཚུ་གིས་ མི་ཉམས་གོང་འཕེལ་བཏང་གནང་བའི་ཁར་ ལྷག་པར་དུ་ཀྲོང་གསར་དཔོན་སློབ་མི་རྗེ་འཇིགས་མེད་རྣམ་རྒྱལ་དང་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་རིམ་བྱོན་ཚུ་གི་སྐབས་ལུ་ དར་ཁྱབ་དང་གོང་འཕེལ་གནང་སྟེ་ གཞས་ཁྱད་པར་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

གཞས་ཆས།

ནུབ་གཞས་ཀྱི་ཆས་དེ་ཡང་ འབྲུག་མི་ཚུ་ག་ར་བློ་སེམས་ཆོས་དང་མཐུནམ་མ་ཚད་ ཕྱི་ནང་གསང་གསུམ་གྱི་གདམས་ངག་ཟབ་མོ་ རང་རྒྱུད་ལུ་ཚངམ་སྦེ་ཡོད་པའི་བརྡ་མཚོན་ལུ་ གཟུགས་ཁར་གོ་དམརཔོ་གྱོན་ མགུ་ཏོག་གུ་ཐོད་དཀྱིས་ཏེ་རྐྱབ་ཨིན་པས། དེ་ལས་གོ་གི་ཕྱི་ལས་སྟོད་གོ་ཧོནམ་གྱོན་ བཀབ་ནི་ཁ་དམར་བཀབ་མི་དེ་ འབྲུག་རྒྱལ་ཁབ་ནང་ སྔོ་ཤིང་ཚུ་ག་ར་ སྔོ་སྨན་གྱི་རང་བཞིན་ཨིནམ་མ་ཚད་མི་ཚུ་ལུ་ཕྱི་ནང་གསང་གསུམ་གྱི་སྡོམ་པ་ གཙང་ཏོག་ཏོ་འབད་ཡོད་པའི་བརྡ་མཚོན་ཨིན་པས། དེ་དང་འདྲཝ་འབད་རྐང་མ་ཚོགས་ལྷྭམ་དང་ ལག་པའི་ཨམ་མཐེ་བོང་ལུ་དུང་དཀར་གྱི་ཨ་ལོང་བཙུགས་མི་འདི་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ག་ར་ མངའ་འོག་ལུ་འདུ་སྟེ་ བོད་དམག་ཚུ་ལོག་ཡར་བསློགས་བཏང་བའི་བརྡ་མཚོན་ཨིན་པས།

གཞས་ཀྱི་ལེའུ

ནུབ་གཞས་ལུ་ལེའུ་མ་འདྲཝ་ དང་པོ་ཕྱག་འབུལ། གཉིས་པ་མཆོད་འབུལ། གསུམ་པ་ཤར་ལས་ཁྲི་གདུགས། བཞི་པ་གཞས་ལ་ཕ་གཅིག། ལྔ་པ་གཞས་ཀྱི་འཁྲུངས་ས། དྲུག་པ་གཞས་ལ་སྒོ་ཅིག་ཕྱེ་དགོ་པས། བདུན་པ་ཆོས་ཞུ་བ། བརྒྱད་པ་སྟེང་སྐར་གཟའ་རྩིས་པའི་ཉིན་བཟང་། དགུ་པ་ལྷོ་ཕྱོགས་ནོར་བུའི་གླིང་། བཅུ་པ་དབུས་ཀྱི་རི་བོ་ཕྱོགས་རབ། བཅུ་གཅིག་པ་གནས་དག་པའི་ཞིང་ཁམས། བཅུ་གཉིས་པ་མོན་ཚལ་ཁ་སྐྱེས་པའི། བཅུ་གསུམ་པ་ཀོང་ཡུལ་ཤར་བྱུང་། བཅུ་བཞི་པ་མེ་ཏོག་སྒྲོལ་མ། བཅོ་ལྔ་པ་རྒྱ་ནག་མཚོ་མོ། བཅུ་དྲུག་པ་གཞས་ཀྱི་གསུང་། བཅུ་བདུན་པ་ཐང་དཀར་རྒོད་པོ། བཅོ་བརྒྱད་པ་དགུང་སྟོད་མཐོན་པོ། བཅུ་དགུ་པ་ཐགས་བཤད། ཉི་ཤུ་པ་བསྟན་པ་ཡོང་བ། ཉེར་གཅིག་པ་མཐོ་ལ་ཡངས་པ། ཉེར་གཉིས་པ་བཀྲིས་དང་བཅས་ཡོདཔ་ཨིན་པས།

ཞིབ་འཚོལ་དང་ཕྱོགས་བསྒྲིགསཔ་ སློབ་པངྨ་དོན་གྲུབ། 

ཐུགས་འཆར།

This site uses Akismet to reduce spam. Learn how your comment data is processed.